[156A] །ཨཱརྱ་ནཱ་ག་རཱ་ཛ་པ་རི་པྲྀ་ཙྪ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ཀླུའི་རྒྱལ་པོ་གཟི་ཅན་གྱིས་ཞུས་པ་ཞེས་བྱ་བའི་གཟུངས་ སངས་རྒྱས་དང། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་མ་ག་ དྷ་ན་ལུས་འཕགས་རིའི་དབང་པོ་བྲག་ཕུག་ན་བཞུགས་ཏེ། དེ་ནས་ཀླུའི་རྒྱལ་པོ་གཟི་ཅན་ཁ་དོག་ཤིན་ཏུ་འཕགས་པ་དང་ལྡན་པ་ནམ་སྲོས་པ་དང། བཅོམ་ ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་པོས་ཕྱག་འཚལ་ཏེ། །བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས། ལུས་འཕགས་རི་འདི་ན་རིང་པོ་དག་དགེ་སློང་རྣམས་ལ་འཚེ་ན། དེ་ལ་བདག་གིས་ཇི་ལྟར་མི་འཚེ་བར་བགྱི། དེ་སྐད་ཅེས་གསོལ་པ་དང་ [156B]བཀའ་སྩལ་ཏོ། །ཀླུའི་རྒྱལ་པོ་ལེགས་སོ་ལེགས་སོ། །འདི་ལྟ་བུ་ནི་ཁྱོད་ཀྱི་བྱ་བ་ཡིན་ནོ། །དེ་ནས་ བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག། དེའི་ཕྱིར་དུག་དང། སྨན་ཆེན་པོ་བཅོ་བརྒྱད་པོ་འདི་དག་གི་མིང་ཟུངས་ཤིག་ ཏདྱ་ཐཱ། པནྟ་རེ། ཀ་ར་ཊེ། ཀེ་ཡཱུ་རེ། པོ་དྷྱམ་ག་མ་ཏེ་བིནྡུ་མ་ཏེ། ཨ་ར་ཊ། ཏ་ར་ཌ། ཏ་ཏུ་ཌ། ད་ཧ་ད་ཧ་ན། ཨེ་ཏ་ད་ཧ། ཛེ་ལེ་ཛེ་ལ། ཕ་ལེ། ཤ་ཊ་ ཤ་ཊ། ཀུ་ལི་ན་ཀུ་ལི། ཨེ་ཀར་ཤཱི་ཏ་རཾ་གཱ་པྲིཥྚི། དགེ་སློང་དག། སུ་ཞིག་དུག་དང། སྨན་ཆེན་པོ་བཅོ་བརྒྱད་པོ་དེ་དག་གི་མིང་འཛིན་པ་དེའི་ལུས་ལ་རིམས་ ཀྱིས་མི་ཚུགས། དུག་དང། མཚོན་དང། བྱད་སྟེམས་དང། རོ་ལངས་དང། ཉིན་གཅིག་པ་དང། ཉིན་གཉིས་པ་དང། ཉིན་གསུམ་པ་དང་ཉིན་བཞི་ བས་མི་ཚུགས། དེ་ལ་རིང་པོ་དག་འཚེ་བར་མི་འགྱུར་རོ། །སུ་ཞིག་འདི་དག་འཛིན་པ་དེ་ཇི་སྲིད་འཚོའི་བར་དུ་སྲུང་བ་བྱས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་ སྐད་ཅེས་བཀའ་སྩལ་པ་དང། ཀླུའི་རྒྱལ་པོ་གཟི་ཅན་ཡིད་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཀླུའི་རྒྱལ་པོ་གཟི་ [157A]༄༅། །ཅན་གྱི་ཞུས་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།